Thursday, October 16, 2008

༧གོང་ས་མཆོག་གི་བློ་ཕམ་དང་འབོད་སྐུལ།

འདོན་སྤེལ། ༢༠༠༨/༡༠/༡༣


སྤྱི་
ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་དང་རྒྱ་རིགས་ཆོས་ཞུ་བ་ཚོ་ལ། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་གང་བྱུང་དུ་བྱེད་ཀྱིན་པའི་ཐད་མགོ་མི་འཁོར་བར། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཕན་ཚུན་ལ་གསལ་བཤད་དང་དོགས་སེལ་གནང་རོགས་ཞེས་འབོད་སྐུལ་ནན་གྱིས་ཞུས་ཡོད།

ཤར་
ཨེ་ཤ་ཡའི་རྒྱལ་ཕྲན་ཐའེ་ཝན་གྱི་དད་
ལྡན་
ཆོས་ཞུ་བ་དྲུག་བརྒྱ་ལྷག་གིས་གསོལ་འདེབས་ཞུས་པ་བཞིན། ཕྱི་ཚེས་ ༣༠ ནས་ཚེས་ ༤ བར་གྱི་ཉིན་ ༥ རིང་༧སྤྱི་ནོར་གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བ་བཅས་ཀྱི་གསུང་ཆོས་གནང་ཡོད་ལ། ཐེངས་འདིར་ཐའེ་ཝན་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་དང༌། བཞུགས་སྒར་ཁུལ་གྱི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་ ༣༠༠༠ ལྷག་ཡོད་པ་དང༌། གསུང་ཆོས་ཀྱི་སྔོན་འགྲོའི་སྐབས་༧གོང་ས་མཆོག་གིས། ཐའེ་ཝན་ནང་པའི་ཆོས་གྲོགས་ཚོ་དང་ང་ཚོའི་བར་དམིགས་བསལ་གྱི་འགྲེལ་བ་ཞིག་ཆགས་ཡོད། ངས་མ་འོངས་པར་ཐའེ་ཝན་ལ་ཐེངས་གཅིག་འགྲོ་ཐུབ་རྒྱུར་སྨོན་ལམ་རྒྱག་གིན་ཡོད་ལ། ཁྱེད་རང་ཚོས་ཀྱང་སྨོན་ལམ་རྒྱག་རོགས། ང་རང་ནང་པའི་དགེ་སློང་ཞིག་གི་ངོས་ནས། ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོར་ཞབས་འདེགས་བསྒྲུབ་རྒྱུ་ལས་འགན་རེད། མ་ཤི་བར་དུ་ལས་འགན་དེ་བསྒྲུབ་རྒྱུ་ཡིན་ལ། རྒྱ་ནག་སྐམ་ས་ཆེན་པོའི་མི་དམངས་ཚོ་ལ་ཡང༌། གོ་སྐབས་བྱུང་ན་ཞབས་འདེགས་བསྒྲུབ་བསམ་ཡོད། ཅེས་གསུངས་ཡོད།

ཕྱི་
ཚེས་ ༤ ཉིན་གྱི་གསུང་ཆོས་མཇུག་བསྡུའི་སྐབས་ཁོང་གིས་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐུགས་རྗེ་ཆེན་པའི་བཀའ་དབང་གནང་ཡོད་ལ། ཐའེ་ཝན་གཙོས་པའི་རྒྱ་རིགས་ཆོས་ཞུ་བ་ཚོར་ཆེད་དམིགས་ཀྱིས། གནད་དོན་ཁག་ཅིག་གི་ཐད་ཁོང་ཧ་ཅང་བློ་ཕམ་དང་ཡིད་སྐྱོའི་གནས་སྟངས་ཆགས་ཡོད་པའི་སྐོར་དང༌། ཐའེ་ཝན་དང་རྒྱ་རིགས་ཆོས་གྲོགས་ཚོ་ཕྱིར་སོང་སྟེ། གང་ཐུབ་ཀྱིས་དོགས་སེལ་དང་གསལ་བཤད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། སྐབས་དེར་༧གོང་ས་མཆོག་གིས་གསུངས་དོན། ཐེངས་འདིར་རྒྱ་རིགས་ཆོས་གྲོགས་ཚོར་ཐུག་རྒྱུ་དེ་ང་རང་ཧ་ཅང་གི་དགའ་བོ་བྱུང་སོང༌། ཆོས་ཕྱོགས་ནས་བཤད་ན། ངས་ནམ་རྒྱུན་བཤད་ཀྱིན་ཡོད་པ་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ཆགས་ཡོད། ངས་གུས་འདུད་ཞུ་བཞིན་ཡོད། བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ཚོ་དགེ་ཕྲུག་གཞོན་པའི་སར་ཆོས་གསན་དུ་ཡོང་ན། ངས་ཕྲན་བུ་ཀྲོག་ཀྲོག་བྱེད་རྒྱུ་རེད་ཅེས་ཞལ་རྩེད་དང་བཅས་ཁོང་གིས་མུ་མཐུད་གསུངས་དོན། སེམས་སྐྱོ་བ་ཞིག་ལ། ཆབ་སྲིད་ཀྱི་གནས་ཚུལ་ཐོག སྤྱི་ཟླ་གསུམ་པའི་ཚེས་ ༡༠ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ནང༌། བོད་རིགས་སྤྱི་དང་ལྷག་པར་དུ་ང་རང་ལ་ཆ་བཞག་ན། རྒྱ་མི་རིགས་ལ་ངོ་རྒོལ་བྱེད་མཁན་རེད་ཅེས་བཤད་བསྡད་ཡོད།

དེར་
བརྟེན་ང་རང་ད་ལོའི་སྤྱི་ཟླ་བཞི་བའི་ནང་ཨ་རི་དང༌། སྤྱི་ཟླ་ལྔ་བའི་ནང་འཇར་མན་དང་དབྱིན་ཡུལ་དུ་སླེབས་དུས་རྒྱ་རིགས་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ང་ལ་ངོ་རྒོལ་བྱེད་དུ་སླེབས་སོང༌། སྐབས་དེར་ངས་ང་རྒྱ་རིགས་གསར་འགོད་པ་དེ་འདྲར་ཐུག་འཕྲད་བྱ་རྒྱུ་གལ་ཆེན་དུ་རྩིས་ཏེ་རེ་བ་བརྒྱབས་པ་ཡིན། དེ་བརྟེན། དྲ་རྒྱ་དང་ཚགས་ཤོག་རིགས་ཀྱི་སྟེང་ནས་ང་ཚོས་བསམ་བློ་གང་འདྲ་གཏོང་གིན་ཡོད་མེད་ཀྱི་དངོས་ཡོད་གནས་ཚུལ་གང་འཚམ་ཁ་གསལ་བོ་ཆགས་ཡོད་པ་འདྲ། ང་དེའི་རྗེས་ཀྱི་སྤྱི་ཟླ་དྲུག་པའི་ནང་ཨོ་སི་ཊོ་ལེ་ཡ་དང༌། ཨ་རི་དང་ཧཕྤ་རན་སི་སོགས་སུ་སོང་བ་ཡིན། སྐབས་དེ་དག་ལ་ངོ་རྒོལ་བྱེད་མཁན་དེ་འདྲ་མི་འདུག ཤུགས་ལྡན་ངོ་རྒོལ་བྱེད་མཁན་དེ་ཚོ་རྟག་པར་ཡོང་གིན་འདུག རྒྱ་ནག་གཞུང་གིས་ང་ལ་སྐྱོན་བརྗོད་ཅི་འདྲ་བྱས་ཀྱང༌། གང་ཡང་དྲན་གི་མི་འདུག ང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས། བློ་སྦྱོང་ནང༌། བདག་ལ་གཞན་གྱི་ཕྲག་དོག་གིས། །རྗེས་བཀུར་ལ་སོགས་མི་རིག་པས། །གྱོང་ཁ་རང་ལ་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །ཅེས་པའི་བསླབ་བྱ་དེ་བརྒྱ་ཆའི་བརྒྱ་ཞེས་ན་དཀའ་མོ་རེད་དེ། གང་ལ་གང་འཚམ་ངས་ཉམས་ལེན་གནང་གིན་ཡོད། འོན་ཀྱང༌། རྒྱ་གཞུང་གི་དྲིལ་བསྒྲགས་དེ་འདྲའི་དབང་གིས། རྒྱ་ནག་ནང་གི་ནང་པ་དང༌། དངོས་ཡོད་གནས་ཚུལ་ཤེས་རྒྱུར་གོ་སྐབས་མེད་པ་ཚོས། ཨོ། ཏཱ་ལའི་བླ་མ་ཟེར་བ་དེ་སྡུག་ཅག་ཞེ་དྲག་རེད་དྲན་ན། ང་ཏོག་ཙམ་བློ་ཕམ་གི

སྤྱིར་
ལོ་རྒྱུས་ཐོག་ནས་བཤད་ན་རྒྱ་ནག་ནང་པ་ཤུགས་ཆེ་པའི་ལུང་པ་ཆགས་ཡོད། དེ་འདྲ་ཡིན་དུས་ང་ནང་པའི་དགེ་སློང་ཞིག་གི་ངོས་ནས་མི་རིགས་ཀྱི་དབྱེ་བ་གང་ཡང་ཡོད་པ་མ་རེད། སུ་ལ་ཕན་ཐོགས་པ་ཞིག་བྱུང་ན། དེ་ལ་ཕན་འདོགས་དགོས་པ་རེད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནས་ཚུལ་བྱུང་བའི་རྗེས་ལ། ངས་སེམས་ཤུགས་བསྐྱེད་དེ་སྨོན་ལམ་བརྒྱབས་པ་ཡིན། མ་འོངས་པར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མི་གསོད་ཁྲག་སྦྱོར་བྱེད་སའི་ས་དེར་དུས་འཁོར་དབང་ཆེན་ཞིག་བསྐུར་ཐུབ་ན། ཞེས་སྨོན་ལམ་བརྒྱབས་པ་ཡིན་ལ། ནམ་རྒྱུན་དེ་ལྟར་བཤད་ཀྱིན་ཡོད། ད་དུང་ཡིན་ནའང་ངོས་ཀྱི་བསམ་བློ་དེ་ལ་འགྱུར་བ་གང་ཡང་མེད། གོ་སྐབས་བྱུང་ན་ངས་རྒྱ་ནག་མི་དམངས་ལ་ཞབས་འདེགས་བསྒྲུབ་བསམ་ཡོད་ཀྱང༌། དྲིལ་བསྒྲགས་དེ་འདྲ་ཤུགས་ཆེན་པོ་བྱས་ཡོང་དུས། རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་མ་རྟོགས་པ་ཚོས་བློ་ཕམ་ན། མ་འོངས་པར་ཞབས་འདེགས་བསྒྲུབ་སའི་སྒོ་རྒྱག་གིན་འདུག་དྲན་སྟེ། ང་ཏོག་ཙམ་བློ་ཕམ་གི

དེ་
བཞིན་སྔོན་མ་ང་ཐའེ་ཝན་ལ་ཐེངས་གཉིས་ལ་སོང་སྟེ། མཐོང་ཚུལ་ཧ་ཅང་ཡག་པོ་བྱུང༌། ལོ་རེ་མཚམས་ནས་ཐའེ་ཝན་ལ་ཐེངས་རེར་འགྲོ་བསམ་སྟེ། ངས་གྲ་སྒྲིག་བྱས་ནས་བསྡད་ཡོད། སྤྱིར་ཐའེ་ཝན་མི་དམངས་དང༌། སྒོས་ནང་པ་ཚོ་ལ་ཞབས་འདེགས་ཅུང་ཙམ་བསྒྲུབ་ཐུབ་གི་རེད་བསམ་ཡོད། ཉིས་སྟོང་གཉིས་ལོ་ནས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཞིག་བྱུང་སྟེ། རྒྱ་ནག་གཞུང་གིས་ང་ཐའེ་ཝན་དུ་སོང་ན་འགྲིག་གི་མ་རེད། ཅེས་བཤད་བསྡད་པའི་རྐྱེན་གྱིས་ད་ལྟའི་བར་ང་ཐའེ་ཝན་ལ་འགྲོ་མ་ཐུབ་པ་རེད། དེར་བརྟེན། རྒྱ་ནག་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་དེ་ཡང་མེད་པར་ཆགས། ཐའེ་ཝན་མི་དམངས་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡང་ཁག་པོ་ཞིག་ཆགས་ཡོད་པ་དག་ལ། ང་ཏོག་ཙམ་སེམས་སྐྱོ་གི

འདི་
འདྲ་བའི་དུས་སྐབས་ཤིག་ལ་ཁྱེད་ཚོ་འདིར་ཡོང་སྟེ། ང་ལ་ཐུག་ཐུབ་པ་བྱུང་བར་ང་ཧ་ཅང་གི་དགའ་སྤྲོ་སྐྱེས་བྱུང༌། ཁྱེད་རང་ཚོ་ཐའེ་ཝན་ཡིན་ན་འདྲ་ལ། རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཡིན་ནའང་འདྲ། ཕྱིར་སོང་སྟེ་གྲོགས་པོ་ཚོ་ལ་གསལ་བཤད་གནང་རྒྱུའི་གོ་སྐབས་བྱུང་ན། གང་ཐུབ་ཐུབ་ཀྱིས་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་པ་དེ་བཤད་རོགས་ཞེས་བཤད་རྒྱུ་ཡིན། ཞེས་ཐུགས་སྣང་ཆེན་པོས་བཀའ་སློབ་བསྩལ་སོང༌།

No comments: